2025年3月26日星期三

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག

 


ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུགཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་ལས་རྟགས་མདུན་ཚེ་རིང་འོད་ཟེར་གྱི་དཔར་རིས།
 Tsering Woser/ སྒྲིག་བཟོ།

བོད་མིའི་སྐད་སྒྲ་མེད་པ་མ་བཟོ་རོགས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་རྒྱབ་ན་མི་རུང་བ་ཞིག་རེད།
ཕྱི་ལོ་༢༠༢༥ ལོའི་ཟླ་བ་གསུམ་པར། ཨ་རིའི་གཞུང་གིས་ནོར་སྲིད་ཁུ་བསྡུ་ཟེར་བ་དང་ལས་དོན་ནུས་ཚད་མཐོ་རུ་གཏོང་རྒྱུ་ཟེར་བའི་རྒྱུ་མཚན་ཐོག་ནས་རྒྱལ་སྤྱིའི་གསར་འགྱུར་རྒྱང་བསྲིང་གི་སྔོན་རྩིས་ཉུང་དུ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཏེ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་(RFA)དང་ཨ་རིའི་རླུང་འཕྲིན་ཁང་(VOA)གཉིས་སྒོ་རྒྱག་རྒྱུ་བྱས་ཡོད། དེའི་ཁོངས་སུ་བརྒྱུད་ལམ་འདི་གཉིས་ཀྱི་བོད་སྐད་སྡེ་ཚན་ཡང་ཚུད་ཡོད། ཐག་གཅོད་འདི་ནི་ཐོ་བ་ལྗིད་པོ་ཞིག་ཕོག་པ་བཞིན། ཡ་ང་སྙིང་རྗེ་མེད་པར་གྲངས་ལས་འདས་པའི་བོད་མིའི་སེམས་སྟེང་དུ་ཕོག་ཡོད།

WhatsApp Image 2025-03-24 at 5.51.22 PM.jpeg
རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས། ཟླ་ཚེས་མི་གསལ།


RFA དང་ VOA བོད་སྐད་སྡེ་ཚན་གྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལས་དོན་གྲུབ་ཡོད། དེ་ནི་བོད་མི་ཚོས་དངོས་ཡོད་བདེན་པའི་གནས་ཚུལ་བཀག་སྡོམ་བྱས་པ་ནས་རྣམ་པར་རྒྱལ་བའི་ཚེ་སྲོག་གི་ལམ་ཐག་བཞིན་ཕྱི་ཕྱོགས་ཀྱི་གནས་ཚུལ་ཐོབ་སའི་གལ་ཆེའི་ལམ་ཁ་ཞིག་ཆགས་ཡོད། བརྒྱུད་ལམ་དེ་གཉིས་ཀྱིས་བོད་ཕྱི་ནང་གི་བོད་མི་ཚོར་བོད་ཀྱི་བདེན་པའི་སྒེའུ་ཁུང་ལྟ་བུ་ཞིག་མཁོ་སྤྲོད་བྱས་པ་ཙམ་མ་ཡིན་པར། རྒྱལ་སྤྱིའི་སྤྱི་ཚོགས་ལའང་བོད་ལ་རྒྱུས་མངའ་ཡོང་རྒྱུའི་ཐད་རིན་ཐང་ལྡན་པའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད། ལོ་མང་པོའི་རིང་། ཁོང་ཚོས་གནས་ཚུལ་སྤེལ་བ་ཁག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག དེ་བཞིན་འཛམ་གླིང་ཐོག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ལ་མེད་དུ་མི་རུང་བའི་གནས་ཚུལ་གྱི་བྱུང་ཁུངས་ཤིག་ཆགས་ཡོད། ད་ཆ་ལས་ཁུངས་གཉིས་སྒོ་རྒྱག་རྒྱུའི་ཉེན་ཁའི་ལས་དབང་ཆགས་ཡོད་པས། བོད་ཀྱི་གནད་དོན་འདི་བཞིན་ཡང་ན་དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐའ་རུ་ལུས་སྲིད་པ་དང་། འཛམ་གླིང་ཡོངས་ཀྱིས་བོད་མིའི་གནས་སྟངས་ལ་དོ་སྣང་བྱེད་པ་དེ་ཡང་འདི་དང་མཉམ་དུ་ཉམས་རྒུད་འགྲོ་སྲིད་པ་རེད།
རྒྱ་ནག་ཏུ་མཚོན་ན། བོད་ཁུལ་གྱི་ཆ་འཕྲིན་གྱི་ཁོར་ཡུག་ནི་ཐོག་མཐའ་བར་གསུམ་དུ་དམ་བསྒྲགས་ཧ་ཅང་ཆེན་པོ་རེད། ཕྱི་ལོ་༢༠༠༠ ལོར་འགོ་བརྩམས་པའི་བོད་དང་ཤིན་ཅང་གི་ལས་གྲ་ཟེར་བ་འདིའི་ནང་གཞུང་འབྲེལ་གྱི་སྐད་ཆ་འདི་བོད་ཀྱི་ས་གནས་ཆུང་ངུ་ཙམ་ཡང་མ་ལུས་པར་ཆ་ཚང་ནང་ཁྱབ་གདལ་གཏོང་དགོས་པ་བརྗོད་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་ནང་རླུང་འཕྲིན་བརྡ་རྟགས་ལ་འགོག་རྐྱེན་བཟོ་ཆེད་ཀྱི་བབ་ཚུགས་ཕོན་ཆེན་བཙུགས་ཡོད། ལྷག་པར་དུ་ཆེད་མངགས་རྒྱལ་སྤྱིའི་བོད་དང་འབྲེལ་བའི་རླུང་འཕྲིན་བརྒྱུད་ལམ་གྱི་བརྡ་རྟགས་བཀག་འགོག་བྱེད་ཀྱི་ཡོད་པ་དང་། བཀག་འགོག་གི་མ་ལག་འཕྲུལ་ཆས་དེ་ཚོ་དུས་ད་ལྟའང་འཁོར་སྐྱོད་བེད་སྤྱོད་བྱེད་མུས་ཡིན་པ་རེད། ཕྱི་ལོ་༢༠༢༠ ལོའི་འགོ་སྟོད་ནས་བཟུང་། གནམ་དྲ་ལས་གྲ་ཟེར་བ་དང་གསལ་ལྷམ་མེར་གྱི་ལས་གྲ་ཟེར་རྒྱལ་ཡོངས་སུ་ཁྱབ་པའི་པར་ཆས་དང་ངོ་གདོང་ངོས་འཛིན་གྱི་མ་ལག དེ་བཞིན་མི་བཟོས་རིག་ནུས་AIལག་རྩལ་བརྒྱུད་དེ་སྤྱི་ཚོགས་ལ་སྟངས་འཛིན་དམ་བསྒྲགས་ནན་པོ་བྱེད་ཀྱི་ཡོད་ལ། བོད་ཀྱི་ས་ཁུལ་ནི་དེ་བས་གནད་འགག་ཆེ་ཤོས་ཤིག་ལ་ངོས་འཛིན་བྱས་ཡོད། ཕྱི་ལོ་༢༠༢༣ ལོའི་བར་དུ། རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་ལྟ་ཞིབ་པར་ཆས་དུང་ཕྱུར་ལྔ་ལྷག་བཙུགས་ཡོད། ཡང་ལོ་དེ་རང་ལ། ཁམས་ལི་ཐང་གི་སློབ་གྲྭ་ཞིག་ལ་དགེ་རྒན་གྱིས་ཕྱི་ཕྱོགས་སུ་ཡོད་པའི་གཉེན་ཉེ་དང་སྐད་འཕྲིན་བརྒྱུད་འབྲེལ་བ་བྱས་པ་མ་ཟད། ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ལེ་ཚན་ནང་དོན་སློབ་ཁྲིད་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་པའི་དབང་གིས་འཛིན་བཟུང་བྱས་ཡོད། ས་ཆ་ཡོངས་རྫོགས་སུ་ཁྱབ་པའི་ལྟ་ཞིབ་པར་ཆས་འོག བོད་མི་མང་པོས་ད་དུང་ཡང་ཉེན་ཁར་མ་འཛེམ་པར་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉན་གྱི་ཡོད་པ་སྟེ། ཁ་ཤས་ཀྱིས་རི་མཐོན་པོར་འཛེགས་ནས་རླུང་འཕྲིན་བརྡ་རྟགས་འཚོལ་བ་དང་། ཁ་ཤས་ཀྱིས་ནམ་ཕྱེད་ལ་སླེབས་དུས་དགོན་པའི་ཟུར་དུ་ཁུ་སིམ་ངང་གནས་ཚུལ་ཉན་གྱི་ཡོད་ལ། ཡང་ཁ་ཤས་ནི་དེའི་རྐྱེན་གྱིས་དྲི་རྩད་དོ་དམ་བྱས་པ་དང་། འཛིན་བཟུང་བྱས་པ། ཐ་ན་ལོ་ཚད་ཁྲིམས་ཐག་བཅད་པའང་བྱུང་ཡོད། ཉེན་ཁར་མ་འཛེམས་པར་འདི་ལྟར་བྱ་དོན་གཙོ་བོ་ནི་བོད་ཀྱི་དངོས་ཡོད་བདེན་པའི་སྐད་སྒྲ་འདི་ཐོས་པའི་ཆེད་དུ་དང་། ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གི་རིན་ཐང་བྲལ་བའི་གནས་ཚུལ་ཤེས་རྟོགས་ཀྱི་ཆེད་དུ་ཡིན་པ་རེད། དེ་བས་དཔའ་ངར་ཞུམ་པ་མེད་པའི་མི་སྣ་མང་པོས་བཀག་སྡོམ་ཧ་ཅང་ནན་པོ་བྱས་པའི་གལ་ཆེའི་གནས་ཚུལ་ཕྱི་ཕྱོགས་སུ་བཏང་གི་ཡོད་པ་དཔེར་ན། ཕྱི་ལོ་༢༠༢༤ ལོའི་ཟླ་བ་གཉིས་པའི་ནང་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་སྐྲུན་ཆེད་ཁམས་སྡེ་དགེ་ཁུལ་གྱི་དགོན་པ་དྲུག་དང་གྲོང་ཚོ་རྩ་མེད་བཟོ་རྩིས་བྱས་པར་བརྟེན་ས་གནས་ཀྱི་བོད་མི་ཚོས་ངོ་རྒོལ་བྱས་པར་འཛིན་བཟུང་དང་རྡུང་རྡེག་ཕོག་པའི་གནས་ཚུལ་ RFA ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་སྔོན་ལ་ཤེས་རྟོགས་བྱུང་པ་མ་ཟད། ད་དུང་དེའི་སྐོར་ལ་གནས་ཚུལ་སྤེལ་ཡོད་པ་དེར། རྒྱལ་སྤྱིའི་དོ་སྣང་བྱུང་སྟེ་གསར་སྤེལ་གྱི་ལས་གྲ་འདི་མུ་མཐུད་ཐུབ་མེད་པ་རེད།

WhatsApp Image 2025-03-24 at 5.43.10 PM.jpeg
རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་དང་ཁོང་གི་བརྩམས་དེབ་ཨ་མྱེས་རྨ་ཆེན་ཞེས་པའི་མདུན་ངོས།

དེ་དང་དུས་མཚུངས་རྒྱ་ནག་གཞུང་གིས་ཧུར་བརྩོན་ཆེན་པོས་འཛམ་གླིང་ཁྱོན་ཡོངས་སུ་ཆ་འཕྲིན་གྱི་ཤུགས་རྐྱེན་ནུས་པ་རྒྱ་བསྐྱེད་བཏང་ཡོད། དེ་ཡང་རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་(CGTN)གིས་བྱང་ཨ་རི་དང་། ཡོ་རོབ། ཨ་ཧྥི་རི་ཀ་སོགས་ས་གནས་སུ་ཡན་ལག་ལས་ཁུངས་བཙུགས་ཤིང་། སྐད་རིགས་མང་པོ་ཡོད་པའི་གནས་ཚུལ་བཟོ་བཞིན་ཡོད་པ་ནང་གཙོ་བོ་ནི་རྒྱ་ནག་གི་གནས་ཚུལ་ཡག་པོ་བཤད་དགོས་པ་ཟེར་བ་འདི་ཆགས་ཡོད། 《རྒྱ་ནག་ཉིན་རེའི་ཚགས་པར།》གྱིས་ཨ་རིའི་བརྒྱུད་ལམ་དང་མཉམ་ལས་བྱས་ཏེ་ནང་དོན་ཧྲིལ་པོ་པར་སྐྲུན་བྱེད་ཀྱི་ཡོད་པ་སོགས་བྱེད་བཞིན་ཡོད། ཡང་CGTN དང་ཤིན་ཧྭ་གསར་འགྱུར་ཁང་གིས་ YouTubeདྲ་ཚིགས་སྟེང་དུ་ཆེད་མངགས་བོད་དང་ཤིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་ལ་དགག་ལན་གྱི་བརྙན་འཕྲིན་འགྲེམས་སྤེལ་བྱེད་བཞིན་ཡོད། ལྷག་པར་དུ་ཕྱི་ལོ་༢༠༢༤ ལོའི་ཟླ་༩ པར། རྒྱ་ནག་གཞུང་གིས་ཆེད་མངགས་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ལྟེ་གནས་ཟེར་བ་ཞིག་གསར་འཛུགས་བྱས་ཤིང་། དམིགས་ཡུལ་ནི་བོད་ཀྱི་ངོས་ནས་ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་པའི་སྒེའུ་ཁུང་ཞིག་དང་། རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་པའི་སྤྱི་ཡོངས་ལས་དོན་ལ་གཞིགས་ཏེ། བོད་དང་འབྲེལ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་མ་ལག་ནུས་པ་ལྡན་པ་ཞིག་སྐྲུན་དགོས་པ་དེ་ཡིན་ཞིང་། ད་དུང་བོད་དང་འབྲེལ་བའི་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁ་ལོ་བསྒྱུར་ཐུབ་པ་དང་གླེང་ཕྱོགས་ཀྱི་འཐབ་རྩོད་ནུས་པ་ལྡན་པ་ཞིག་སྤེལ་དགོས་ཟེར་བརྗོད་ཡོད། འཛམ་གླིང་ཧྲིལ་པོར་གྱུར་པའི་ཆ་འཕྲིན་རྒོལ་ཐབས་མྱུར་པོ་ཕྱིན་པའི་སྐབས་དེར་རྒྱ་ནག་གིས་འཛམ་གླིང་གི་ཆ་འཕྲིན་ཁྱབ་སྤེལ་གྱི་ནང་དུ་དབང་ཤུགས་ཆེ་བའི་གནས་བབ་འདི་སྟོན་ཡོད་པ་དང་། ཡང་བོད་ཀྱི་ས་གནས་ཁག་ནང་དམ་བསྒྲགས་ནན་པོ་བྱས་པ་དང་མངོན་གསལ་དོད་པོའི་གཞོགས་འདེགས་ཤིག་ཆགས་ཡོད།
འོན་ཀྱང་འགག་རྩའི་དུས་ཚོད་འདིར། ཨ་རིས་བོད་སྐད་སྡེ་ཚན་ཡོད་པའི་ RFAཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ VOA ཨ་རིའི་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པའི་གདམ་ཀ་བྱས་ཡོད་པ་འདི་ནི་ཧ་ཅང་བློ་ཕམ་གྱི་ཐག་གཅོད་ཅིག་རེད། 《གོ་ལའི་དུས་བབ》གི་རྩོམ་སྒྲིག་པ་ཟུར་པ་ཧུའུ་ཞི་ཅེན་གྱིས་གནས་ཚུལ་འདིར་ཡོངས་ཁྱབ་ངང་ཡག་པོ་ཡིན་པ་བརྗོད་ཡོད་ཅིང་། ཨ་རིའི་རླུང་འཕྲིན་ཁང་ནུས་པ་མེད་པར་གྱུར་ཡོད། ད་དུང་རྒྱ་ནག་ལ་གཅིག་མཚུངས་ཀྱི་གདུག་རྩུབ་ལྡན་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ཡང་ཚུད་ཡོད། འདི་ནི་དངོས་གནས་མི་སེམས་དགའ་བའི་གནས་ཚུལ་ཞིག་རེད་ལ། གནས་སྟངས་འདིའི་འཕེལ་ཕྱོགས་བསྐྱར་ལོག་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པས། ཧུའུ་ཞི་ཅིན་གྱི་སྐད་ཆ་འདིས་རྒྱལ་སྤྱིའི་ཁྱབ་སྤེལ་བརྒྱུད་ལམ་འདི་ཆ་འཕྲིན་ཁྱབ་སྤེལ་དང་གླེང་ཕྱོགས་ཀྱི་དམག་འཐབ་ནང་གི་གལ་འགངས་རང་བཞིན་འདི་བསྐྱར་དུ་མངོན་པར་བྱས་ཡོད། ཨ་རིའི་གཞུང་གིས་ཕྱོགས་གཅིག་ནས་འཛམ་གླིང་གི་ཆ་འཕྲིན་རང་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་བརྗོད་ཀྱི་ཡོད་ལ། ཡང་ཕྱོགས་གཞན་ཞིག་ནས་དྲག་ཤུགས་མ་ཡིན་པའི་ཞི་འཇམ་གྱི་ནུས་ལྡན་སྟོབས་ཤུགས་ཀྱི་འགྲན་རྩོད་ནང་ནས་ཕྱིར་འཐེན་བྱས་པ་དེ་ནི་རྒྱལ་སྤྱིའི་ཁྱབ་སྤེལ་བརྒྱུད་ལམ་གྱི་སྐད་ཆ་བཤད་དབང་གི་དམག་ས་འདི་བློས་གཏོང་བྱས་པ་འདིར་དངོས་གནས་བློ་ཕམ་དགོས་པ་ཞིག་རེད།
RFA དང་ VOA ཡི་བོད་སྐད་སྡེ་ཚན་ནི་དང་ཐོག་བྱས་ན་ཨ་རིའི་འཛམ་གླིང་ཁྱབ་སྤེལ་མ་ལག་ནང་དུ་གལ་ཆེ་ཤོས་ཀྱི་སྐད་སྒྲའི་གྲས་ཤིག་ཡིན་ཞིང་། ཁོང་ཚོ་སྒོ་བརྒྱབ་པ་འདིས་བོད་མི་ཚོར་གནས་ཚུལ་གྱི་ཡོངས་ཁུངས་གལ་ཆེ་ཤོས་ཤིག་མེད་པ་ཆགས་པ་མ་ཟད། ཨ་རིའང་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་ཁྲོད་དུ་གཞན་དབང་ནང་ལྷུང་རྒྱུ་རེད།
ཕྱི་ལོ་༢༠༠༦ ལོ་ནས་བཟུང་གུས་མོས་ RFA བོད་སྐད་སྡེ་ཚན་ལ་རྩོམ་ཡིག་འབྲི་འགོ་བཙུགས་པ་ཡིན། འདས་པའི་ལོ་ངོ་བཅུ་དགུའི་ནང་རྩོམ་ཡིག་ཁྱོན་༩༠༠ ལྷག་ཙམ་བྲིས་ཡོད། གསར་འགོད་པ་རྒན་གྲས་སྒྲོལ་དཀར་གྱིས་ཚད་ལྡན་གྱི་རྩོམ་བསྒྱུར་དང་བོད་སྐད་དྭངས་མ་ཞིག་གི་ཐོག་ནས་སྙན་སྒྲོན་ཞུས་པ་བརྒྱུད་དེ། གུས་མོའི་ཡིག་འབྲུ་རྣམས་གསན་མཁན་བོད་མི་ཚོའི་སྙན་ལམ་དང་སེམས་གཏིང་དུ་བརྒྱུད་སྤྲོད་ཞུས་ཡོད། གཟའ་འཁོར་གཅིག་ནང་རྒྱང་བསྲིད་ཐེངས་རེ་ཞུས་པ་འདིས་གུས་མོས་མུ་མཐུད་འབྲི་རྩོམ་གྱི་སེམས་ཤུགས་བྱུང་བ་མ་ཟད། དེ་བས་བོད་ཀྱི་ལས་དབང་ཐད་རྒྱུན་ཆད་མེད་པར་བསམ་གཞིགས་དང་ཚིག་ཐོ་བཀོད་ཐུབ་པ་བྱུང་། འདི་ལྟ་བུའི་རྒྱུན་འཁྱོངས་བྱས་པའི་མཐའ་མར་དེབ་བཞི་ཐོན་ཐུབ་པ་བྱུང་བ་སྟེ། 《གོ་ཐོས་བྱུང་བའི་བོད།》དང་།《མཐོ་སྒང་བོད་ཀྱི་ཉེ་བའི་ལོ་ཤས།》(འདི་ནི་ཝང་ལིད་ཞུང་དང་མཉམ་ལས་ཞུས་པ་ཞིག་ཡིན།) 《སྐྱིད་པའི་ཡུལ་གྱི་རྒྱབ་ལྗོངས།》《ནད་ཡམས་ཀྱི་ལོ་ཟླའི་བོད་ཀྱི་ཟིན་བྲིས།》བཅས་ཡིན། དེབ་འདི་རྣམས་ནི་བོད་ཀྱི་འདས་པ་དང་ད་ལྟ། མ་འོངས་པ་བཅས་ཀྱི་ཐོག་ནས་ཁུ་སིམ་ངང་གནས་པའི་མི་དམངས་དང་དགོན་པ། ཞིང་འབྲོག་ཁུལ། གྲོང་ཁྱེར་དང་ལོ་རྒྱུས་ཀྱི་བརྩེ་སེམས་མཚོན་པའི་ལན་འདེབས་ཤིག་ཆགས་ཡོད། ད་ཆ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་རྒྱག་རྒྱུའི་གནས་སུ་གྱར་པའི་སྐབས་འདིར་གུས་མོའི་སེམས་གཏིང་ལ་ན་ཟུག་ཆེན་པོ་བྱུང་། འོན་ཀྱང་གུས་མོས་ཡིད་ཆེས་བརྟན་པོ་ཡོད་པ་ནི། རླུང་འཕྲིན་ཁང་གི་སྐད་སྒྲ་དེ་དུས་འདི་ནས་མེད་པ་ཆགས་ཀྱི་མ་རེད་ལ། ཤུགས་རྐྱེན་ཡང་དུས་འདི་ནས་མཇུག་སྒྲིལ་གྱི་མ་རེད། རླུང་འཕྲིན་ཁང་འདི་ནི་དེ་སྔ་ཕྱི་ནང་བོད་མིའི་འབྲེལ་མཐུད་ཀྱི་ཟམ་པ་ཞིག་ཡིན་པས། བོད་མིའི་དྲན་ཤེས་ནང་དུའང་མུ་མཐུད་གནས་རྒྱུ་རེད།
དོན་དངོས་ཐོག བོད་མིའི་ཁྲོད་ཀྱི་དགོས་མཁོ་འདི་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉུང་ངུ་མིན་པར། དེ་བས་མང་བའི་གནས་ཚུལ་དང་། སྣ་མང་ཕུན་སུམ་ཚོགས་པ། དེ་བས་བདེན་པའི་སྐད་སྒྲ་དགོས་ཀྱི་ཡོད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་གནས་ཚུལ་གྱི་བྱུང་ཁུངས་ཡིན་པ་མ་ཟད། དེ་བས་རིག་གཞུང་གི་མེ་ལྕེ་དང་སྐད་ཡིག་གི་སྲུང་སྐྱོབ་བྱེད་མཁན། བསམ་བློའི་ལམ་སྟོན་གྱི་སྒྲོན་མེ་རེད། རླུང་འཕྲིན་ཁང་གཉིས་ཀྱིས་བོད་མི་ས་ཡང་དྲུག་སྟེ་གནས་ཚུལ་བཀག་སྡོམ་གྱི་འོག་ཚུད་པའི་གངས་ལྗོངས་ས་མཐོའི་བོད་མི་ཚོས་ཀྱང་རང་ཉིད་ཀྱི་འདས་པའི་གནས་ཚུལ་ཐོས་ཐུབ་པ་དང་རང་ཉིད་ཀྱི་ད་ལྟའི་གནས་སྟངས་དང་རང་ཉིད་ཀྱི་མ་འོངས་པའི་རེ་བ་ཐོས་ཐུབ་པ་བཟོ་བཞིན་ཡོད། འོན་ཀྱང་རླུང་འཕྲིན་ཁང་གཉིས་སྒོ་བརྒྱབ་པ་འདི་ནི་མི་རིགས་ཤིག་གི་ཐུན་མོང་གི་སྐད་སྒྲ་དང་བསམ་གཞིགས། དེ་བཞིན་རེ་བ་དང་བཅས་པ་ཡོངས་རྫོགས་མེད་པ་བཟོས་པ་རང་རེད།
ང་ཚོས་ངེས་པར་དུ་འདྲི་རྩད་བྱ་རྒྱུར། བོད་ཀྱི་ཕྲུ་གུ་ཚོས་འགྲེལ་བརྗོད་གཅིག་རང་ལས་ཐོས་རྒྱུ་མེད་པའི་སྐབས་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བོད་མི་ཚོས་རྒྱང་རིང་གི་དངོས་ཡོད་བདེན་པའི་གནས་ཚུལ་ལེན་ཐབས་བྲལ་བའི་སྐབས་དེར། དགོན་པའི་གྲྭ་བཙུན་རྣམས་གཞི་འཛིན་སའི་གྲངས་ཀའི་དྲ་བའི་ནང་དང་ས་ཆ་ཚང་མའི་ནང་ཁྱབ་ནས་ཡོད་པའི་པར་ཆས་ཀྱི་ནང་དུ་ལྷུང་པའི་སྐབས་ལ། ཁོང་ཚོའི་འཇིག་རྟེན་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་འབྲི་རྩོམ་བྱས་པའི་པར་གཞི་འདི་གཅིག་བུ་མ་ཡིན་པའི་གནས་ལུགས་འདི་སུ་ཞིག་གིས་ད་དུང་ཁོང་ཚོར་བརྗོད་ཐུབ་ཀྱི་རེད་དམ།
དེར་བརྟེན་གུས་མོས་འབོད་སྐུལ་ཞུ་རྒྱུར།
བོད་ཀྱི་སྐད་སྒྲ་འདི་སྒོ་མ་རྒྱག་རོགས།
བོད་མིའི་ཆེས་མཐའ་མའི་གནས་ཚུལ་ཡོང་ཁུངས་ཀྱི་ཐབས་ལམ་འདི་སྲུང་སྐྱོབ་གནང་རོགས།
དངོས་ཡོད་བདེན་པའི་གནས་ཚུལ་མུ་མཐུད་ས་མཐོའི་ཐོག་ཁྱབ་ཐུབ་པ་དང་། རེ་བ་མུ་མཐུད་ས་མཚམས་བརྒལ་ཐུབ་པ་གནང་རོགས།
བོད་མིའི་སྐད་སྒྲ་ཕྱིར་མངོན་མི་ཐུབ་པ་བཟོ་མི་རུང་། རྒྱལ་སྤྱིའི་ཐོག་གི་གཞུང་དྲང་བའི་རྒྱབ་སྐྱོར་བ་ཚོས་མཉམ་རུབ་ཐོག་ནས་བདེན་པའི་སྒྲོན་མེ་མུ་མཐུད་ནས་གངས་ཅན་ལྗོངས་སུ་ཁྱབ་ཐུབ་པ་གནང་རོགས།
བོད་མིའི་ངོས་ལ་ཕམ་ཁ་ཤོར་བ་ཧ་ཅང་མང་པོ་ཡིན་པས། ང་ཚོར་ཡོད་པའི་སྐད་སྒྲ་གཅིག་པུ་འདི་ཡང་མེད་པ་མ་བཟོ་རོགས་གནང་།
ཚེ་རིང་འོད་ཟེར།
ཕྱི་ལོ་༢༠༢༥ལོའི་ཟླ་༣ཚེས་༢༢ཉིན་པེ་ཅིང་ནས།


https://www.rfa.org/tibetan/sargyur/radio-free-asia-tsering-woser-opinion-03242025015018.html?fbclid=IwY2xjawJQz6tleHRuA2FlbQIxMAABHVj8oSqMcy4xVM4FT6vkGSMzbMSbUm9tTXT8Swk_yhmUmk5ZLA00R7H-3w_aem_KsFXL89NJuZ-VCXkbB6imw

没有评论:

发表评论